Category Archives: སྙན་ངག

ངའི་འཚོ་བ།

ངའི་འཚོ་བ།

ཁྱུང་ཐོག་རྒོད།

སྨུག་པའི་ཞལ་ཁེབ་བཀབ་པའི་རི་གྲོང་འདི།།
ལས་ཀྱིས་བསྐོས་པའི་ཕ་ས་གཉིས་པ་ཡིན།།
ཐལ་རྡུལ་གྲེ་བར་འཚངས་པའི་འབགས་བཙོག་ལ།།
ཅི་མི་སྙམས་པའི་བཟོད་པ་ཆེན་པོ་ཡིས།།
དག་གཙང་དྲི་མ་མེད་པའི་གནས་ཤིག་ཏུ།།
སེམས་ཀྱི་གཤིས་ལ་མངོན་པར་བཞེངས་ཟིན་ནོ།།

སྐྱ་ཆད་སྔོ་སྡུག་མི་ཚེ་མོག་པོ་འདི།།
རང་གིས་གདམས་པའི་ལམ་ཁ་ངོ་མ་ཡིན།།
སྲན་ཐུག་དུས་དྲུག་སྐོར་བའི་སྟོན་མོ་ལ།།
སུན་དུ་མེད་པའི་ཆོག་ཤེས་གྲུང་མ་ཡིས།།
རང་ལ་འཚམས་པའི་ཕུན་ཚོགས་ནོམ་ཞིག་ཏུ།།
འཚོ་བ་སྣུམ་པོའི་མདོག་ཏུ་བསྒྱུར་ཟིན་ནོ།།

ཁྱིམ་པའི་ཁྱུ་ནས་བུད་པའི་བེམ་གོག་འདི།།
རང་ལ་དབང་བའི་བྲན་གཡོག་ཁེར་རུ་ཡིན།།
དབྱར་ཉི་དགུན་རླུང་འཐབས་པའི་དཀའ་སྡུག་ལ།།
སྡུག་རུས་ཆོག་པའི་དད་པ་བཙན་པོ་ཡིས།།
བསྐལ་བར་བསགས་པའི་བསོད་ནམས་ཚོགས་ཤིག་ཏུ།།
སེམས་ཀྱི་ཟབ་ས་དེ་ནས་བསྒོམས་ཟིན་ནོ།།

སྙུ་གུའི་སོ་ལས་བཤར་བའི་དབྱངས་རྟ་འདི།།
འཚོ་བ་དངོས་ལ་སྦྱར་བའི་ཟིན་ཐོ་ཡིན།།
ལས་ཀྱིས་བཞེངས་པའི་ལོ་རྒྱུས་ངོ་མ་ལ།།
རྫུན་གྱིས་མ་འབགས་རང་ཚུགས་དྲང་པོ་ཡིས།།
མྱོང་བ་དངོས་ལ་བསྲེས་པའི་སྐད་ཅིག་ཏུ།།
ལྷོ་མཐའི་ནགས་འདབས་དེ་ནས་བོས་ཡོད་དོ།།

Advertisements